སྙིང་དོན། རང་རེ་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ཏེ་ལོ་ངོ་དྲུག་ཅུའི་རིང་གི་ལོ་རྒྱུས་དང་འབྲེལ་བའི་རྒྱུ་ཆ་རིགས་འཚོལ་བསྡུ་དང་ཉར་ཚགས་དགོས་...
སྙིང་དོན། རང་རེ་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ཏེ་ལོ་ངོ་དྲུག་ཅུའི་རིང་གི་ལོ་རྒྱུས་དང་འབྲེལ་བའི་རྒྱུ་ཆ་རིགས་འཚོལ་བསྡུ་དང་ཉར་ཚགས་དགོས་པའི་གལ་གནད་རང་བཞིན་གཙོ་གནད་དུ་བཟུང་སྟེ་ཅུང་ཟད་བཤད་ན་འདོད། དཔྱད་རྩོམ་འདིའི་ནང་དུ་བཙན་བྱོལ་གྱི་ལོ་རྒྱུས་རྒྱུ་ཆ་འཚོལ་བསྡུ་དང་ཉར་ཚགས་དགོས་པའི་གལ་ཆེའི་རང་བཞིན་དང་། འཚོལ་བསྡུ་དང་ཉར་ཚགས་བྱེད་པའི་ཐབས་ལམ། བཙན་བྱོལ་བོད་མི་ཚོས་ལོ་རྒྱུས་ཀྱིས་བཞག་པའི་འགན་འཁྲི་ལྷོད་གཡེང་གཏོང་མི་རུང་པ་སོགས་ཀྱི་སྐོར་ནས་ཅུང་ཙམ་གླེང་པའི་ཁུལ་ཡིན།
བརྡ་ཆད། བཙན་བྱོལ།
ལོ་ངོ་དྲུག་ཅུ། འཚོལ་བསྡུ་དང་ཉར་ཚགས།
སྔོན་གླེང་།
དེ་ཡང་རང་ཅག་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ཏེ་ལོ་ངོ་དྲུག་ཅུ་ཕྱིན་པའི་ཁ་སང་དང་དེ་རིང་གི་དུས་འདིར་དགའ་སྐྱོ་ཟུང་འབྲེལ་གྱི་བྱུང་བ་ཆེ་ཆུང་གང་མང་ཞིག་ཡོད་པ་དག་ནི་ལོ་རྒྱུས་ཀྱི་རྒྱུ་ཆའམ་དཔང་རྟགས་ཆགས་ཡོད་པས། ང་ཚོས་དེ་རིང་ནས་འགོ་བཙུགས་ཏེ་ལོ་རྒྱུས་ཀྱི་རིན་ཐང་དང་འདས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཕྱི་དྲན་བྱས་པའི་ཐོག་ནས་བཙན་བྱོལ་གྱི་ལོ་རྒྱུས་རྒྱུ་ཆ་འཚོལ་བསྡུ་དང་ཉར་ཚགས་བྱ་རྒྱུ་ནི་ཕྱི་མ་དྲགས་ན་སྔ་མ་དྲགས་པའི་དུས་ཤིག་རེད་སྙམ། དེས་ན་བཙན་བྱོལ་གྱི་ལོ་རྒྱུས་ལ་བདག་པོ་བྱ་རྒྱུ་ནི་བཙན་བྱོལ་བོད་མི་ཀུན་གྱི་ལས་འགན་ཡིན་པ་མ་ཟད་དེའི་ཁྲོད་ནས་སྒྲིག་འཛུགས་དང་། ཤེས་ལྡན་མི་སྣ། ཉམས་ཞིབ་པ་དག་གི་ལྡོག་ཏུ་མེད་པའི་འགན་འཁྲི་ཆགས་ཡོད་སྙམ། ང་ཚོས་ཕྱིར་འདང་ཞིབ་མོ་ཞིག་བྱེད་སྐབས་ད་བར་དུ་བྱུང་ཟིན་པའི་ལོ་རྒྱུས་ཀྱི་གནད་དོན་ཆེ་ཆུང་མང་པོ་ཞིག ལོ་རྒྱུས་ཀྱི་བྱ་རིམ་དང་འགྲོགས་ཏེ་ཡལ་ཟིན་པ་དང་ཡང་ན་གསལ་ལ་མ་གསལ་བར་རབ་རུབ་ཆགས་ཡོད་པ་དང་། སྐབས་ཐོག་དེའི་ཀྱག་ཀྱོག་གི་བྱུང་བ་དངོས་བརྒྱུད་མྱོང་བའི་མི་རབས་རྒན་པ་དག་རིམ་བཞིན་གཤེགས་ཟིན་པ། གསར་སྐྱེས་ན་གཞོན་ཚོའི་ཁྲོད་བོད་ཀྱི་ལོ་རྒྱུས་ལ་ཤེས་རྟོགས་དང་སློབ་སྦྱོང་བྱེད་མཁན་དཀོན་པོ་ཆགས་ཡོད། སྣང་ཚུལ་ལྟར་ན་ང་ཚོས་འདས་པའི་ལོ་རྒྱུས་ཀྱི་བསླབ་བྱ་དང་ཉམས་མྱོང་བླངས་ཏེ་ལྷོད་གཡེང་ཤོར་གྱི་མེད་པ་ལྟར་འདུག་མོད། ཞིབ་འདང་ཞིག་བྱས་ན་གནའ་མིའི་ཁ་དཔེར། ཐང་གི་རྡོ་ལེན་སྐབས་རུམ་ནང་གི་གྲོ་ལྷུང་ལྟ་བུ་དང་དྲེད་མོང་གིས་བྱི་བ་བཟུང་བའི་གཏམ་རྒྱུད་ཡང་མི་ཆགས་པའི་ངེས་པ་མེད་སྙམ། དེར་བརྟེན་གུས་པས་རི་བོང་གནམ་རྡུབ་ཀྱི་སེམས་ཁུར་ལྟར་<<
འཚོལ་བསྡུ་དང་ཉར་ཚགས། >> ཞེས་པའི་ལས་གཞི་ཞིག་འགོ་འཛུགས་བྱ་འདོད་བྱུང་བ་བཞིན་ད་ལྟ་དངོས་སུ་ལག་བསྟར་བྱེད་མུས་སུ་ཡོད་པས། དེའི་ཐད་ཀྱི་རང་གི་ལྟ་ཚུལ་འགའ་རེ་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་སྙན་སྒྲོན་ཐུབ་ཞུ་ཐུབ་ཚེེ། ཉམས་ཞིབ་པ་དང་མཁས་དབང་རྣམས་པའི་ལམ་སྟོན་དང་བགྲོ་གླེང་ལྷུག་པོ་ཡོང་བ་སོགས་ཀྱི་དགེ་མཚན་ཆེ་སྙམ་སྟེ་རྩོམ་ཡིག་འདི་བྲིས་པ་ཞིག་ཡིན།
ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༨ ཚེས་ ༢༠ ཉིན།
མཆན།